ཁྲུང་ཁྲུང་དེ་ཚོ།
ཁྲག་སྙུག(ཀན་ལྷོ)
ཁྲུང་ཁྲུང་དེ་ཚོས གཤོག་རུ་བརྐྱངས་ཏེ
ན་འདམ་ཞིག་ཏུ་བབས
མཐའ་ཡས་པའི་ཨ་སྔོན་གྱི་པང་ནས
བདག་གི་ཕུགས་བསམ་གྱི་ངོས་སུ་བབས
ཁྲུང་ཁྲུང་དེ་ཚོའི་གནས་མལ་ནི་ས་གཞི་ཡིན་ལ
ནམ་མཁའ་ཡང་ཡིན
ཁྲུང་ཁྲུང་དེ་ཚོའི་དུས་ཚོད་ནི་བསིལ་རླུང་ཡིན་ལ
ས་སྲོད་ཀྱང་ཡིན
ཁྲུང་ཁྲུང་དེ་ཚོས ཆུང་མ་དང་ཕྲུ་གུ་ཁྲིད་དེ
རང་གི་ཁང་ཁྱིམ་ལྟ་བུའི་ས་གཞིར་ལོག་ཅིང
སླར་ཡང གྲལ་བསྒྲིགས་ཏེ་ཁང་ཁྱིམ་ལྟ་བུའི་བར་སྣང་དུ་སྐྱོད
ཉི་ནུབ་ཀྱི་མཚལ་ཁ་གཤོག་པས་སྒྲིབ་ཀྱིན
ཁང་ཁྱིམ་ལྟ་བུའི་རང་བྱུང་ཁམས་ཀྱི་དྲོད་ཁོལ་ཕྱོགས་སུ་སྐྱོད
འཇིག་རྟེན་འདིའི་རི་རབ་དང་གཙང་པོ་མང་པོ་བརྒལ་རྗེས
ཁྲུང་ཁྲུང་དེ་ཚོ་ན་འདམ་གཞན་ཞིག་ཏུ་བབས
བརླན་དྲི་དང་ཉི་འོད་ཁུར་ཏེ
གཞིས་ཁྱིམ་དང་རྒྱབ་རི་ཉིལ་བའི་མི་རེ་རེའི
སྐོམ་གདུང་ངོས་སུ་བབས
ཁྲུང་ཁྲུང་དེ་ཚོས ཆུང་མ་དང་ཕྲུ་གུ སྤུན་ཟླ་ཁྲིད་དེ
དྲན་གདུང་དང་རྒྱང་རིང་མེད་པའི་གནས་མལ་དུ་སྙེག
2016.11.16 མཚེ་རུ་མ་ནས།