མཚན་ལམ་རིང་མོ།
ཨ་ཉི་རྡོར་བྷ། (ལན་གྲུ)
དགུན་ཁའི་མཚན་མོ་ཞིག་ལ
ལུང་སྟོང་ཆེན་པོ་ཞིག་ཏུ་མེ་སྒོང་བཏང་བ་ཡིན
ལྷགས་རླུང་གི་ཁ་གཏད་དུ་སྐྱིལ་ཀྲུང་བཅས་ནས་བསྡད་པ་ཡིན
བུ་བུ་མོ་གཉིས་ཀ་གཡས་ལོག་གཡོན་ལོག་བྱས་ཏེ་བསྙལ
མདུན་དུ་ཆུང་མར་ཉལ་ས་བཅོས
ཕྱེ་ལེབ་མང་པོས་འཚང་ཁ་རྒྱག
མེ་དཔུང་གིས་ང་ལ་གློག་བརྙན་འགའི་དྲན་གསོས
མེ་སྟག་གིས་རྩྭ་ཐང་བསྲེགས་པའི་སྙན་ངག་དེའི་དྲན་ཡང་གསོས
ཆང་འཐུང་འཕྲོ་ཚང་མ་མེ་མགོར་བླུགས་པ་ཡིན
མེ་ལྕེ་ལམ་ལམ་དུ་མཆེད
ཚག་སྒྲ་བར་མེད་དུ་མཆེད
བྱིས་པ་གཅིག་གཉིད་ལས་སད
ཆུང་མའི་སྐྲ་ལོར་ཡང་གཞོབ་དྲི་འཐུལ་བྱུང
མདུན་གྱི་ཤེལ་ཕོར་ནང་གི་ཇ་ཁོལ་ཏེ་རབ་ཏུ་གདུ
ཐོ་རངས་སྟག་གི་དུས་གཞི་ནས་ཚར་འདུག
མདུན་ཕྱོགས་ཀྱི་རི་བོའི་ཉག་ག་ནས་མཚམས་སྤྲིན་ལམ་ལམ་དུ་འཚེར
བྱིས་པ་གཅིག་ད་དུང་གཉིད་ལ་ལོག་འདུག
ཆུང་མར་འགུལ་རྒྱུ་སྤུ་ཙམ་ཡང་མི་འདུག
ཏག་ཏག་སྐབས་འདིར
ཡར་ལངས་ནས་མེ་འབུད་རྒྱུ་དྲན
མེ་ཞིག་བུས་ཏེ་ཇ་སྐོལ་རྒྱུ་དྲན
མེ་དཔུང་གི་འགྲམ་ལོགས་ནས་མེ་ཐབ་ཅིག་བཟོས
སུམ་ཐབ་ཡ་མེད་ཅིག་བརྒྱབ་བཞག
དགུན་ཟླ་ཧྲིལ་པོ་ཞིག་ལ་འདང་བའི་བུད་ཤིང་ཡང་བཏུས་བཞག
༢༠༡༧.༤.༢ཉིན་བླ་བྲང་ནས།