ནག་ཐིག་གིས་བྱིན་པའི་དངངས་པ།
ལྷ་མཆོག་རྒྱལ།(མཚོ་ལྷོ)
ཕ་གི་ན མིག་ཐག་གིས་ཟིན་ཙམ་གྱི་ཕ་གི་ན་ནག་ཐིག་ཅིག་འདུག
ཡར་སྔོན་སྤང་གཞོངས་གན་ན་ནག་ཐིག་དེ་འདྲ་ཞིག་ཡོད་མི་སྲིད
བལྟས་ཀྱིན་བལྟས་ཀྱིན ནག་ཐིག་དེ་ཇེ་གསལ་དུ་འགྲོ་བཞིན་པ་འདྲ
ཇི་ལྟར་བལྟས་ཀྱང་ནག་ཐིག་དེའི་གྲངས་ཀ་ཡང་དེ་ལྟར་མང་དུ་འགྲོ་བ་འདྲ
ད་ནི་ཡོད་དུ་འོས་པའི་སྤང་གི་མེ་ཏོག་དང་ལུག་ཁྱུ རྟ་ཁྱུ་དང་ནོར་ཁྱུ
ནམ་ཞིག་གི་ཚེ་ནག་ཐིག་ཁྲོད་ཀྱི་རི་མོ་ཙམ་དུ་མི་འགྱུར་ཨང
བལྟས་ཀྱིན་བལྟས་ཀྱིན་སྐད་སྒྲ་གང་རུང་ཞིག་ཀྱང་སྣང་བ་འདྲ
ཉན་གྱིན་ཉན་གྱིན་ནག་ཐིག་དེས་དངོས་གནས་གང་རུང་ཞིག་སྨྲ་ཡི་འདུག
གྲིབ་གཟུགས་སུ་བབས་པའི་ནག་ཐིག་དེའི་སྐད་ཆ་རི་ལུང་དུ་ཤོར་གྱིན་པ་འདྲ
ཇི་ལྟར་ཉན་ཡང་སྨྲ་བ་དེའི་རྣོ་དབལ་ན་མེ་སྟག་འཕྲོ་བཞིན་པ་འདྲ
སྔ་མོ་ནས་ཁོ་བོའི་རྨི་ལམ་གཙབ་མྱོང་བའི་ནག་ཐིག་དེ
ད་ནི་གཞི་ནས་ངའི་ཡབ་མེས་ཀྱིས་བཞེངས་པའི་སྤང་གཞོངས་སུ་བབས་སོང
སྔོན་ནས་མངའ་བའི་རྩྭ་ལྗང་དང་ཆུ་ཕྲན རྫི་གླུ་དང་བཞོ་དབྱངས
ནམ་ཞིག་གི་ཚེ་ཐ་སྙད་ཀྱི་བེམ་པོར་འཁྱུད་ནས་གཏན་དུ་གཟིམ་འགྲོ་ཨང
མིག་ཐག་གིས་ཟིན་ཙམ་གྱི་ཕ་གིའི་ནག་ཐིག་དེ་ལ་གྲིབ་མ་འདུག
ཉེ་བ་ཉེ་བར་གཅར་གྱིན་པའི་གྲིབ་མ་དེ་ནམ་མཁའ་གཞན་ཞིག་རེད་འདུག
ངས་རང་གི་མིག་ཟུང་གཙོས་དབང་བོ་ལྔ་ལ་གཙང་སྦྲ་བྱས་ཡོད
ནོར་མི་སྲིད ནག་ཐིག་དེ་ནག་ཐིག་ཙམ་རེད་མི་འདུག
ནག་ཐིག་དེ་ལ་ལྗིད་ཚད་གདའ ཤོང་ཚད་གདའ འདེགས་ཚད་གདའ
ཐ་ན་ས་གཞི་བསྲེག་པའི་ནུས་པ་དང་ལྡན་པ་ཞིག་རེད་འདུག
ངས་ཉིན་རེ་བཞིན་ནག་ཐིག་དེའི་གཡོ་འགུལ་ལ་བལྟས་པ་ཡིན
མཚན་མོ་རེ་རྫོགས་རྗེས་ནག་ཐིག་དེ་ལྡབ་ཀྱིས་གཏོས་ཀྱིན་འདུག
ནག་ཐིག་དེ་ཁོ་བོའི་གམ་ལ་སླེབས་པར་སྐར་ཆ་ག་ཚོད་དགོས་སམ
རང་གིས་བཏབ་པའི་མེ་ཏོག་ལ་ར་བ་བསྐོར་ཡང་དགོས་ཆེའམ
ཕ་གིའི་ནག་ཐིག་དེ་ལ་ལྐོག་ཏུ་ཡིབ་པའི་བདག་པོ་ཡོད་གདའ་ན
ཏག་ཏག་དེ་རིང་འདིར ངས་སློབ་བུ་ཚོར་ག་རེ་ལབ་ན་འོས་སམ
ལྟོ་བ་ཟད་པའི་སྨྱུ་གུ་འདིས་ཐ་སྙད་ག་ཚོད་ལ་དབུ་ཁྱུད་བྲི་ཐུབ་ཨང
༢༠༡༧ལོའི་ཟླ༤བའི་ཚེས༡༤ཉིན་མང་རའི་བྱེ་སྣ་ནས།