ཁྱོད་ལ་བཏམས་པའི་ལེའུ།
ལྡོང་སྲས་ཨ་བྷེ།(མཚོ་ལྷོ)
ཁྱོད་ཀྱང་ནམ་མཁའ་འདིའི་འོག་ན
ང་ཡང་ས་གཞི་འདིའི་སྟེང་ན
དོན་གྱིས འུ་གཉིས་ལ་འཕྲད་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་དེ
ཡིན་ནའང རྣམ་ཤེས་ཀྱི་བྱེ་མའི་ཚོགས་དག
སྔ་མོ་ནས་རླུང་གིས་ཁྱེར་བས
ཁྱོད་ཀྱང་ངའི་རྨི་ལམ་གྱི་མཚོ་ཁ་ལས་བུད་དེ
ངང་དཀར་བཞིན་རྒྱང་དུ་འཕུར
མ་གསང་དྲང་མོར་བཤད་ན
ཁྱོད་ཀྱི་ཨ་ལན་དང་འཛུམ་མདངས་བོར་སོང་བའི་ཟླ་ངོ་འདི་དག་ནི
ང་རང་གཞི་ནས
ཁེར་རྐྱང་དུ་ཤི་སོང་བའི་ལོ་ཟླ་ཞིག་ཡིན
སྐྱོ་གདུང་གི་སྨུག་སྤྲིན་དགུང་ལ་འཁྲིགས་ཐེངས་རེ་རེ་དང
མིག་ཟུང་གི་དྲག་ཆར་གདོང་ལ་འབབ་ཐེངས་རེ་རེར
ང་རང་ཤི་གསོན་གྱི་རབ་ཁར་ཡང་ཡང་འགྲེང་ཞིང
གདམ་ག་དང་མནར་གཅོད་ཀྱི་འོག་ཏུ་ཡང་ཡང་གསོན
ཉི་ཟླ་གཉིས རྒྱུན་ལྡན་ལྟར
འཆར་ནུབ་བྱེད་བཞིན་པའི་ཉིན་མོ་ཞིག་གམ
ཡང་ན མཚན་མོ་ཞིག་ཏུ
ང་གཅིག་པུ་ཁེར་རྐྱང་དུ
ཁ་རོག་གེར་ཡུད་ཙམ་ངུས་རྗེས
ཧ་ཅང་གི་ཐག་རིང་ཞིག་ཏུ་འཁྱམ་འགྲོ་ཡང་སྲིད
ཡིན་ཡང
ཚེ་སྲོག་གི་དར་ལྕེ་གཡང་དུ་བསྐྱོད་སོང་བའི་རྗེས་སུ
ང་ལ་ད་དུང་ཡང ཁྱོད་ཀྱིས་བཞག་མྱོང་བའི་དམ་བཅའ་ཞིག་ཡོད་པས
ངས་ད་གཟོད་སུ་ལའང གཏན་ནས་འཁང་ར་བྱ་མི་སྲིད
ཕྱི་ལོ༢༠༡༦ལོའི་ཟླ༡པོའི་ཚེས༡༥ཉིན་གྱི་མཚན་མོར་གོང་ཁ་ནས།