མཚན་མོའི་གདུང་མཆོད།
བླ་འབྲོང་།(ལན་གྲུ)
སྲིད་པའི་མཆོད་རྐོང་གི་དབུས་སུ་འབར་བའི ཧི་མ་ལའི་ཞལ་ཐང
མུན་པའི་འོབས་དོང་གི་གཏིང་དུ་སྐྱེས་པའི མི་སྡིག་པའི་མེ་ཏོག
དཀོན་མཆོག་གི་ལག་མཐིལ་ལས་མ་ཐར་པའི རས་གཟན་དམར་པོ
འཁོར་བའི་རི་ཚོགས་ཀྱི་པང་དུ་བབས་པའི གངས་རིའི་ལྷ་ཚོགས
གངས་ཁྲོད་དུ་རིལ་རིལ་འདྲིལ་བའི ཉི་འོད་ཀྱི་ཐིགས་པ
ཁྱོད་ཀྱི་མིག་ཟུང་གི་མཐོང་ལམ་ན་འཕྱོ་བའི འཁྲུལ་སྣང་རབ་རིབ
པོ་ཏ་ལའི་སྙིང་ཁ་རུ་སྦྲུམ་པའི གཏིང་རིང་བའི་གསང་རྒྱ
ཉི་མའི་ལྕེ་ཐོག་ན་ཞིག་རལ་ཏུ་གྱུར་པའི སེར་མོ་བའི་རྒྱལ་ཁབ
རུས་རྐང་གི་སྦུབས་སུ་བཏབ་པའི རྣམ་ཤེས་ཀྱི་ས་བོན
ཁེར་རྐྱང་གི་མྱ་ངམ་ཐང་དུ་དཀྲོལ་བའི གཙང་པོའི་རོལ་དབྱངས
མཚན་མོ་འདིའི་རུམ་ཁོང་དུ་སྤུངས་པའི འོད་དུ་འཚེར་བའི་དབྱངས་གསལ
ཚེ་སྲོག་ཡོད་ཚད་ཀྱིས་རྐང་བྲོ་བརྒྱབ་ནས ཉི་མའི་མངལ་དུ་དམར་ལྷེམ་ལྷེམ་བྱེད