རུས་པ་དཀར་པོ་ཡིན་པའི་བོད་མི་ཞིག
--ཕུན་ཚོགས་དབང་རྒྱལ་ལགས་ལ་ཕུལ་བ།
ནགས་ཚལ་སྐྱབས།(དཀར་མཛེས)
མི་འདི་ནི་གྲུ་གཟིངས་ཆེན་མོ་ཞིག་ཡིན
གྲུ་གཟིངས་འདི་ལ་གཡུག་ཆོག་ཆོག་གི་བ་དན་ཆེན་མོ་བཅུ་བདུན་ཡོད
བ་དན་གྱི་རྩེ་ལ་ཉི་འོད་དང་ཟླ་འོད་ཀྱིས་རྟག་ཏུ་འོད་ཟེར་བྱིན་ཡོད
མི་འདི་ནི་རྒོད་པོ་ལྡིང་སའི་བྲག་ཐེམ་ཞིག་ཡིན
བྲག་ཐེམ་གྱི་སྟེང་དུ་བྱ་རྒོད་ཀྱིས་སྡེར་འབྲད་བརྐོས་ཡོད
ཆུ་དང་ཆར་བས་སེལ་མི་ཐུབ་པའི་སྡེར་འབྲད་བརྐོས་ཡོད
མངའ་རིས་ཕྱོགས་ཀྱི་འབྲོང་རྭ
གཙང་གི་ཕྱོགས་ཀྱི་བླ་མཚོ
ཁྱོད་ཀྱི་རུས་པའི་ནང་ལ་སྤྲིན་དཀར་གྱི་ལྡིང་ཁང་ཕུབ་ཡོད
ཁྱོད་ཀྱི་ཡ་ཆུང་ཁོག་པར་འཇའ་ཚོན་དང་གླུ་སྣས་ཁེངས་ཡོད
ཉ་མོར་རྩལ་ཆེ་བས་མ་ཡིན་པར
རྒྱ་མཚོ་ལ་ཞེ་ཁོག་ཆེ་བས་སྟངས་སྟབས་བསྩལ་བ་ཡིན
བྱེའུ་ཁྱུ་དེ་དག་གིས་མཁའ་ལམ་བགྲོད་ཐུབ་དོན
གཤོག་པ་བཟང་བས་མ་ཡིན་པར་བར་སྣང་གི་མཐོངས་ཡངས་པས་ཡིན
ཟབ་ཅིང་བརླིང་བའི་གངས་རི་ལགས
ཉི་ཟླས་རྟག་ཏུ་བགྲོད་ལམ་མི་འཁྱུག་པའི་ལམ་ཐིག་ཅིག་ཡིན
2017/1/3ཕ་ཡུལ་རྫ་ཆུ་ཁ་ནས།