མི་ནི་རུས་པའི་མདུན་གྱི་མིག་ཆུ་རྫུས་མ་དེ་རེད།

ཞི་བདེ་ཉི་མ། (ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


 རུས་པ་དཀར་པོ་ལྔའི་འགྲམ་དུ

             སྐྲ་ལོ་ཉག་མ་གཉིས་འདུག  

             གུ་དོག་པའི་མཚན་མོའི་ཁྲོད

             སུས་ཀྱང་སྐྲ་ལོ་དེའི་ཁ་དོག་འདྲི་མི་སྲིད

             ངུ་ངག་ཐེངས་གཅིག་གི་རྗེས་སུ

             བཀྲེས་སྐོམ་ཅན་གྱི་རྡོ་བ་དེས

             སུ་ཞིག་ལྐོག་ཟ་བྱེད་པར་རེ་སྒུག་བྱས་འདུག

             དེ་ནི་རི་སྒང་འདིའི་གསང་བ་ག་ལ་ཡིན

             ཉིན་མོའི་འོག་གི་ཕྱི་གསལ་ནང་གསལ་རེད

 

             ཕྱི་མིག་མེད་པའི་རི་ལམ་དུ

             མཐའ་མཇུག་གི་གྲོང་ཚོའི་སྐྱེལ་མ་དེ

             སྟོད་ཀྱི་རི་སྒང་ལ་བཅོལ་བའི་མེ་འོད་དེ་རེད

             མུ་མཐའ་མེད་པའི་འཁོར་བའི་ནང

             མི་ནི་ཟུར་མང་བའི་གཅིན་པ་དེ་ཡིན་སོང

 

             གཏིང་ཟབ་པའི་ས་སྒང་ལ

             གཟུགས་ཁམས་དེ་ནོང་འགྱོད་མེད་པར་བསྲེས་རྗེས

             ཞོགས་པ་འདིར་རུས་པ་ཁྱོར་གང་གི་རྒྱགས་བྲོ་བཞག་འདུག

             བྱ་དེ་དག་གིས་ཁུ་སིམ་མེར་ཁ་ཕྱོགས་གཅིག་ལ་ལྟ་དུས

             རུས་པ་དེ་དང་སྐྲ་ཉག་དེ་དག

རླུང་བུའི་མཐའ་མཇུག་གི་སྨྲེ་ངག་རེད

 

སྐྱ་རེངས་ཐ་མ་ལ་ཧབ་ཐོབ་རྒྱག་མཁན་དེ

རུས་པ་དེ་ཕྱི་དོར་བྱེད་མཁན་རེད

རུས་པའི་ངོས་གཅིག་མིག་ཆུས་བཀྲུས་ཡོད

ངོས་གཅིག་དཀོན་མཆོག་གིས་བཀྲུས་ཡོད

 

ཤར་ནས་རུས་པ་ཞིག་སླེབས་དུས

ནུབ་ནས་སྐྲ་ཉག་ཅིག་འཁུར་ཡོང

མི་མ་སླེབས་པའི་སྔོན་དུ

ན་བུན་དེ་སྔ་མོ་ནས་སླེབས་འདུག

རྡོ་བའི་སྟེང་གི་དུད་སྤྲིན་དེ

འགན་འཁྲི་མེད་པའི་རྒྱགས་བྲོ་ཞིག་ག་ལ་ཡིན

ངུ་ངག་གིས་ཁྲིད་པའི་གཤིན་པོ་དེས

མིག་ཆུ་མེད་པའི་རྒོད་པོ་ཁྱུ་ཞིག་བསྐྱངས་སོང

སྒྲ་དེར་འགུགས་ཤུགས་ཟབ་མོའི་ངང་ཐོན་དུས

ལྷ་རྣམས་སྔ་མོ་ནས་ནུབ་ཕྱོགས་སུ་ཕྱིན་ཚར

ནུབ་ཕྱོགས་ཀྱི་ངོས་གཅིག་ནམ་མཁའ་དང

ངོས་གཅིག་ཕ་ཡུལ་རེད

 

རུས་པའི་མདུན་ལ་ཞབས་རྗེས་འཇོག་མཁན་མེད

སྐྲ་ལོ་རྫོབ་པོའི་འོག་ཏུ

རྙོག་ཟིང་གི་དུས་ཚིགས་ཤིག་ཡོད

དེའི་ཕ་རོལ་ནི་སྟོན་རྩྭ་ཕོན་པོ་ཞིག་རེད

སྟོན་རྩྭ་ཕོན་པོའི་གསེབ་ཀྱི་ཁྭ་ཏ་དེ་དག

ཁྱོད་ཀྱི་ངོ་གདོང་སྦས་སྐུང་བྱེད་མཁན་རེད

གཡོ་སྒྱུ་ཅན་གྱི་སེང་རས་ནག་པོ་རེད 

རྡོ་བའི་ངོས་ལ་ཁ་བ་འབབ་བཞིན་ཡོད

རྡོ་བའི་གཤམ་གྱི་གཞིས་ཀ་ལའང་ཁ་བ་འབབ་བཞིན་ཡོད

ཁ་བ་ལ་རུས་པ་མེད་ལ

རྣམ་ཤེས་བདག་པོ་བྱེད་མཁན་གྱི་མེས་པོའང་མེད

 

ཁྱོད་ལ་སེང་རས་ཡུག་གཅིག་ཡོད

སེང་རས་དམར་པོ་འདིའི་འོག་ཏུ

ཁ་དོག་མེད་པའི་རླུང་ཞིག་ཡོད

ཕར་འགྲོ་ཚུར་འོང་གི་སྤྲིན་པའི་ཁྲོད

སྟར་ལ་རྒྱུས་པའི་རུས་པ་ཞིག་ཡོད

མི་རྣམས་ཀྱིས་དེ་ལ་གངས་རི་ཟེར

 

མིག་ཆུ་ཅན་གྱི་མི་ཞིག་གིས

གཉེན་ཉེ་འཁྱེར་མི་སྲིད

གཙང་པོ་དེ་འཁྱེར་མི་སྲིད

ཁྱིམ་གཞིས་ཀྱི་མེ་འོད་དེ་འཁྱེར་མི་སྲིད

རི་སྒང་གི་བུ་ཡུག་དེའང་འཁྱེར་མི་སྲིད

 

ཐར་ཐོར་དུ་འབབ་པའི་སྐྲ་ལོའི་ཁྲོད

ལྷ་རྔ་དེ་རྒྱང་རིང་ལ་ཕྱིན་ཚར

མི་ཡུལ་ཡང་རྒྱང་རིང་ལ་ཕྱིན་ཚར

 

མི་མ་སླེབས་གོང

དུར་ཁྲོད་སྔ་མོ་ནས་སླེབས་སོང

མི་ནི་རུས་པའི་མདུན་གྱི་མིག་ཆུ་རྫུས་མ་དེ་རེད

 

                                                     2017.8.22


རྩོམ་ཡིག་སྔོན་མ།
མེ་ལོང་།
རྩོམ་ཡིག་རྗེས་མ།
ཁོ་མོ།(ཞར་བཀོད་གསུམ)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1