ཉི་འོད་ཀྱིས་བསྲེགས་ཚར་བའི་དབྱར་གཞུང་ཞིག་ལ
ཁོ་མོ་སྐོམ་གདུང་གི་མཚན་མོར་འཐིམ
ཝུ་ཆང་ལ་འཐིམ
སྒེའུ་ཁུང་གི་བསིལ་རླུང་ལ་འཐིམ
ས་ཆེན་པོར་འཐིམ
ཁོ་མོས་སྙིང་ཉེ་བའི་མི་ལ་སྙིང་ཉེ་ཟེར་མྱོང
བརྩེ་དུངས་བྱིན་མྱོང ལང་ཚོ་བྱིན་མྱོང
ཏག་ཏག མེ་ཏོག་གི་ན་ཚོད་འདི་ལ
ཁོ་མོས་སྙིང་ཉེ་བའི་མི་ལ་དུས་ཚོད་སྟེར་དབང་མེད་པར
ཚེ་སྲོག་གི་འདབ་མ་རླུང་གིས་ཁུར་སོང
ཁོ་མོ བགད་མྱོང་བའི་ཞོགས་པ་རེ་རེ
ཁོ་མོ ངུས་མྱོང་བའི་ས་སྲོད་རེ་རེ
ད་ནི་དུས་ཚོད་ཀྱི་རུས་རྐང་ལ་དཀག་ནས
འཇིག་རྟེན་དཀར་ངོགས་ཀྱི་བདེ་སྡུག་ལས་གྲོལ་སོང
ང་ཚོ་ལ་ད་དུང་མིག་ཆུས་ཅི་བྱ
༢༠༡༧.༧.༢༣
དབྱར་ཁའི་ཆར་བ་ཟམ་ཟིམ།
ངས་དབྱར་ཁའི་ཆར་བ་ཟམ་ཟིམ་དེ་མཐོང་བྱུང
ངའི་སེམས་སུ་ག་ལེར་བབས་པ་མཐོང་བྱུང
འཁྱགས་སིབ་སིབ་ཏུ་བབས་པ་མཐོང་བྱུང
ངས་ཟླ་བ་མེད་པའི་མཚན་མོ་ཞིག་ལ
འབྲུག་སྒྲ་དང་གློག་ཞགས་ཅི་ཡང་མེད་པར
དབྱར་ཁའི་ཆར་བ་དེ་ཟམ་ཟིམ་དུ་བབས་པ་མཐོང་བྱུང
ངས་མིའི་རིགས་ཀྱི་མཚན་མོ་ཞིག་ལ
རང་བྱུང་གི་ཆར་བ་དེ་ཟམ་ཟིམ་ངང
མི་ཡུལ་གྱི་བདེ་སྡུག་ལ་འཐིམ་པ་མཐོང་བྱུང
ངས་དབྱར་ཁའི་ཆར་བ་དེ་ཟམ་ཟིམ་ངང
ཕ་ཡུལ་གྱི་དབྱར་མཚེར་ལ་བབས་པ་མཐོང་བྱུང
མཚེར་སྟོང་གི་དབེན་སིམ་དང་མྱ་ངམ་ལ་བབས་པ་མཐོང་བྱུང
ངས་དབྱར་ཁ་ཧྲིལ་བོ་ཞིག་ལ་བསྒུགས་བསྒུགས་མཐར
དབྱར་ཁའི་ཆར་བ་དེ་ཟམ་ཟིམ་ངང
རང་ཉིད་ཀྱི་མིག་ཀོང་ནས་སྙིང་ཁམས་སུ་ཟུག་པ་མཐོང་བྱུང
༢༠༡༩.༨.༡ཉིན།
སྙན་ངག་པའི་མཚན་མོ།
སྒེའུ་ཁུང་ཕྱི་རོལ་ན
ཕྱི་བརྩེགས་ནང་བརྩེགས་ཀྱི་མུན་པ
སྐར་མ་གང་གིས་ཀྱང་འོད་དུ་སྒྲོན་མ་ནུས
མི་ཚེའི་མདུན་ཅོག་གྲུ་བཞིར
ཆང་དང་སྙན་ངག་གི་གསོལ་སྟོན་བཤམས་མཁན
བུ་མོ་དེའི་ཁ་གཏད་ཀྱི་མགྲོན་པོ་ཆ་མེད་ང
ད་དུང་ཆང་གིས་བད་མི་འདུག
ཕྱི་གསལ་ནང་གསལ་གྱི་ཤེལ་ཕོར
ཕྱི་གསལ་ནང་གསལ་གྱི་ནས་ཆང
ཕྱི་གསལ་ནང་གསལ་གྱི་བུ་མོ་དེ
བུ་མོ་དེའི་ཕྱི་གསལ་ནང་གསལ་གྱི་མཚན་མོ
དེ་དག་བསམ་ཚེ
ང་རང་སྐྱོ་དྲགས་ཏེ་མིག་ཆུ་མི་འདུག
༢༠༡༧.༨.༡༩ཟི་ལིང་།
བསླེབ་ཐབས་མེད་པའི་རྒྱང་རིང་།
ཞོགས་པའི་ཟིལ་ཐིགས་རེ་རེ
སྤང་གཞོང་གི་ལྗང་ཁུ་དག་གི་རྩེ་མོ་ན
དཀར་སེར་དམར་སྔོ་དག་གི་རྩེ་མོ་ན
ཆུ་ལེན་བུ་མོའི་གོམ་སྒྲ་ཡང་མོས
ལྷིང་འཇགས་ཀྱི་ལྷིང་འཇགས་དཀྲོགས
ལམ་གྱི་གཡས་གཡོན་ན
ནོར་ལུག་གི་རྡེའུ་དཀར་ནག
ལས་ཀྱི་རྡེའུ་དཀར་ནག་ཇི་བཞིན
ཁྱོད་ཀྱི་རྒྱང་བཞུད་ལ་ཞེན་ཆགས་སྤུངས
རྫི་གླུ་སིང་སིང་གི་འབྲོག་མོ་ཞིག་གིས་ཀྱང
ཁྱོད་ཀྱི་རྒྱང་བཞུད་ལ་ཞེན་ཆགས་སྤུངས
ཁྱོད་རང་དེ་ལྟར་ཕ་ཡུལ་གྱི་ཐོང་འོག་ནས་ལམ་ལ་ཆས
སྤྲིན་དཀར་གྱི་ཁ་བཏགས་རིང་མོ
ཕ་ཡུལ་གྱི་རི་རྐེད་ན་དཀར་ཞིང་བསང
རི་རྩེ་ན་ད་དུང་བསང་དུད་ལོང་ལོང
རི་རྩེ་ན་ད་དུང་དར་ལྕོག་ལྷུག་ལྷུག
༢༠༡༧.༨.༢༡