རྣམ་ཤེས་མགར་མཁན། ------ བོད་ཀྱི་སྙན་ངག་པའི་མཚན་མོར་ཕུལ།

སྒྲེན་པོ།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


ཀར་མེ་གསལ་ལ་མི་གསལ་བ་ཞིག

གངས་ཀྱི་ཟེ་བ་ནས་མངོན་ཆུང་གིས་ལྷམ་མེར་ལྷན་ནེར་འཕྲོས་པས

ངའི་འཇིག་རྟེན་གྱི་རི་དང་གཙང་པོ་ཚ་བེར་བེར་དུ་བཏང 

ཡུན་རིང་ལ་ཤི་གསོན་གྱི་གདམ་ང་མ་རྙེད་པས་ཡིན་ནམ

ཡང་ན་རྣམ་ཤེས་ཀྱི་ལྷུམས་སུ་འཁྱིལ་བའི་ཁྲག་དྲོན་ལ་ངར་དང་ཤེད་མེད་པས་ཡིན

དཔུང་བ་ཡར་བརྫེས་ནས་མཚན་སྨག་གི་ཀློང་ལ་དཀར་མེ་འདེགས་མཁན་དག

ང་ཡི་མཐོང་ལམ་ནས་མངོན་བྱུང

མུན་པ་དེ་གང་ན

དཀར་མེ་དེ་གང་ན

 

མཚན་མོ་དེར

ཁོ་ཚོའི་ཤུབ་ཤུབ་ཀྱི་རླུང་སྒྲའི་ཁྲོད་ནས

མུན་ནག་གཞོམ་པའི་མེ་ལྕེ

ཆུ་ཀློང་གནམ་དུ་འཕྱོ་སྙམ་གྱིས་མཆེད་ཅིང་འཕྱུར

ཆུ་བྲུག

གློག་འཁྱུག 

རྦབ་རྒོད་འགྲིལ

གནམ་ལྕགས་ཀྱི་ཚག་སྒྲས་རུབ་ལ་ཉེ་བའི་གངས་ལམ་ཕྱགས

ཤྭ་འོད་ཆེན་པོས་རི་ཀླུང་ཐམས་ཅད་ཁྲག་ཏུ་འཁོལ་སྙམ་བྱས

རྩྭ་ལྗང་དང་གངས་རྡུལ་མང་པོ་ངམ་ནག་གི་སྤྲིན་པ་བཞིན

འུ་ཚོའི་སེམས་ཀྱི་བྱེ་ཐང་ནས་མངོན་ཆུང་གིས་འབུས་འོང་སྲིད་དམ

 

འདི་ནི་མཉམ་སྒྲོག་རོལ་མོ་ཞིག་རེད

འགྲོས་དལ་ལ་བབ་ལྕི་བའི་མཉམ་སྒྲོག་རོལ་མོ་ཞིག་རེད

ཡང་ན་འདི་ནི་གངས་ཀྱི་རུས་མཛོད་སྤམ་ལ་མཐུག་པ་དེ་རེད

རྣམ་ཤེས་མགར་མཁན་གྱི་སྙན་ངག་པ་དེ་གང་ན

ཐང་རྒོད་དུ་ལུས་པའི་མི་སེམས་ཀྱི་སྣང་བ་ཏུར་ཏུར་བོ་དེ་གང་ན

 

མཚན་མོ་འདི

རྣམ་ཤེས་མགར་མཁན 

ཡིག་འབྲུ་རྒུམ་མཁན

གདོང་འབག་འདོར་མཁན

མེ་ལོང་གཅོག་མཁན

མུན་ཁྲོད་ནས་ཚོར་གདུང་གིས་གཞས་བར་མེད་དུ་གཏོང་མཁན

ངམ་ནག་གི་གཡང་ལ་གཟས་ནས་མཆོང་མཁན

མེ་འོབས་ཀྱི་ཀློང་ནས་རང་ཉིད་དུར་ལ་འདེབས་མཁན

ཅི་ཡང་མེད་ལ་ཅི་ཡང་འཛོམས་མཁན་དག་གི་དུར་ཐང་ཡིན་ཆོག་པར་ཞུ

 


རྩོམ་ཡིག་སྔོན་མ།
ཁོ་མོ།(ཞར་བཀོད་གསུམ)
རྩོམ་ཡིག་རྗེས་མ།
ཁྱི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1