ཁ་པར་ནི་ཁྱོད་ལ་ཉེ་བར་བཅར་བྱེད་ཀྱི་སྨྱན་བྱེད་ཅིག་རེད
ངའི་ཁ་པར་ཅོག་ངོས་སུ་བཞག་པའི་ཁྱོད་ཀྱི་པར་དེ
ཆུ་ཞབས་སུ་ཧྲེང་ངེར་འཚོ་བའི་གྲམ་པ་སྔོན་པོ་དེ་དང་འདྲ་བར
ཁེར་རྐྱང་དང་སྐྱོ་བ་ཁོ་ནས་གཏིབས་འདུག
རྨ་ཁའི་ཁྲག་དམར་ལ་འཁོར་བའི་འབུ་སྦྲང་ཞིག་ལྟར
ང་ཚོ་ཁ་པར་དུ་གཡེང་སྟེ་སྡོད་དུས
སྙིང་ཉེ་བ་ག་ཚོད་ཅིག་ང་ཚོ་དང་རིང་དུ་གྱེས་ཟིན
ཁ་པར་ལས་བྱིས་དུས་སུ་སྒྲུག་པའི་རྡེའུ་ཡི་ནོར་ཁྱུ་མི་མཐོང
རེའུ་ལྕག་དཀར་པོའི་མགོ་རྒྱན་མི་མཐོང
ཟིལ་བ་ཁྲོམ་ཁྲོམ་ལྡེམ་པའི་ན་གཞུང་དུ
རྐང་རྗེན་ལ་བེའུ་འཚོ་མཁན་གྱི་རང་ཉིད་མི་མཐོང
དེ་ལྟར་ནའང ང་རང་སྔར་བཞིན་ཁ་པར་ལ་ཧད་འདུག
ཁ་པར་ལས་ཕ་མར་ཞབས་ཏོག་མི་ནུས
བཟའ་ཟླའི་ནང་སེམས་མི་རྟོགས
ཆ་ཡོད་མེད་ཀྱི་མི་རེ་འགའི་དགའ་སྡུག་སློག་གིན
གླེགས་བམ་མཐུག་པོ་ཞིག་ཀློག་གིན་པའི་ཟོལ་དུ
དེ་ལ་ཧམ་པས་འཇུག་དོན་ག་རེ་ཡིན
ང་ཚོ་ནི་ཁ་པར་གྱི་རྙི་རུ་ཚུད་པའི་བྱེའུ་རེ་རེ་དང་འདྲ་བར
རང་དབང་གི་ནམ་མཁའ་བརྗེད་ཅིང་རང་རང་གི་འཕུར་ཡ་བོར
ཁ་པར་ལས་མངོན་ཙམ་བྱེད་པའི་ཁྱོད་ཀྱི་མཛུབ་རྩེས
ང་རང་ཐག་རིང་དུ་ཁྲིད་ཅིང་སླར་ཡང་རྙི་རུ་བཅུག
2016.4.26