དུས་ཚོད་རྩུབ་མོ་སུས་ཀྱང་བཟོད་དུ་མེད་པ་འདི་ལ
ས་བཅུ་བ་ཐོབ་པའི་བདག་ཉིད་ཁྱོད་རང་སྔར་བཞིན་བཞུགས་སམ
སྔར་བཞིན་རྟ་དཀར་པོ་གཡུ་ཡི་རྔོག་མ་ཅན་ལ་བཅིབས་ནས་ཡོད་དམ
སྔར་བཞིན་མགོ་ནག་མགོ་ལོག་གི་ཡུལ་མཐོན་པོ་རྨ་རྒྱལ་སྟོང་གི་རྩེ་ན་བཞུགས་སམ
ག་ལ་ཡིན་ཏེ གངས་རི་ནི་ཁྱོད་ཡིན་ཆོག་ཀྱང
ཁྱོད་ནི་གངས་རི་ཙམ་ག་ལ་ཡིན་ཨང
ཁྱོད་རང་འདུས་བྱས་ཙམ་མིན་པའི་གདེངས་དེ
མགོ་ནག་བོད་པའི་སྙིང་ལ
མཐོན་པོ་གངས་རི་བཞིན་སྐྱེས་མེད་དམ
འཇིགས་པ་ཡིད་ལ་དྲན་མ་མྱོང་བའི་ཨ་མྱེས་རྨ་ཆེན་ཡེ
ཁྱོད་ལ་སྤྲིན་པ་ནག་པོ་སྙིང་ལ་མི་སྡུག་པ་འཁྱུད་འདུག་གམ
སྤྲིན་གསེབ་དེར་ཁྱོད་ཀྱི་ངའོ་སྙམ་པའི་འབྲུག་སྐད་ལྷང་ལྷང་དེ་ཡོད་དམ
ཉི་ཟླའི་རྣ་ཆ་བཏགས་པ་ཁྱོད
སྔོ་ཡུག་ཡུག་གི་ནམ་མཁའ་ལུས་ལ་བཀླུབས་མཁན་ཁྱོད
ཁྱོད་ཉིད་གང་ན་བཞུགས་སམ
རུ་དར་གཙང་པོ་བཞིན་སྐྱོད་པའི་དཔུང་རྡང་རིང་མོ་དེས
ཁྱོད་ཉིད་བཙལ་བའི་མཐའ་མར
ཁྱོད་ཁོ་ནས་ཆོག་པའི་མུ་མེད་ཀྱི་ནམ་མཁའ་སྔོན་པོ་དེར
རྨི་ལམ་དང་ཧམ་སེམས་ཀྱི་ཀ་བ་མཐོ་རུ་བརྩིགས་ཀྱང
རོ་དང་ཁ་དོག དྲི་མ་མི་འདྲ་བའི་མནོལ་གྲིབ་ཀྱིས
ཁྱོད་ཉིད་རྙེད་མ་སོང
ཁྱོད་ཉིད་རབ་རིབ་མག་མོག་གིས་བཟུང་འདུག་སྐད
བདག་གིས་ཐོས་པ་ནི
མིག་ཆུ་ནག་པོ་ཤག་ཤག་རྒྱུ་བའི་གདོད་མའི་གངས་རི་ཞིག
དབུ་ནག་མགོ་ལོག་གི་ཡུལ་གྱི་སྦུགས་སུ
དམྱལ་བ་ལྟ་བུའི་དུས་མཐའི་ཚ་གྲང་མི་བཟོད་པའི་ངུ་སྐད་ཁོ་ནའོ
ད་ལྟ་ད་དུང
མཐོན་པོའི་དབྱིངས་སུ་རུ་དར་སྒྲེང་མཁན་སུ་ཡོད
དམའ་མོའི་གཤོང་ནས་ཐབ་ཇ་སྐོལ་མཁན་སུ་ཡོད
ལྷ་ཆེན་པོ་ས་བཅུ་ཐོབ་ས་དེ་ཁྱོད་མིན་ནམ
གངས་མཐོན་པོ་རྣམ་ཤེས་སྦྲུམ་མཁན་དེ་ཁྱོད་མིན་ནམ
མིག་ཟུང་ཀྲོག་ཀྲོག་ཅིག་གིས་སུ་ཞིག་བསྒུལ་ཐུབ་བམ
འུར་ཟིང་ཆོབ་ཆོབ་ཅིག་གིས་སུ་ཞིག་བསྒྱེལ་ཐུབ་བམ
ཁྱོད་རང་གང་ན་བཞུགས་ལགས
ཁྱོད་རང་སྔར་བཞིན་རྟ་དཀར་པོ་གཡུ་ཡི་རྔོག་མ་ཅན་ལ་བཅིབས་ནས་མེད་དམ
ཁྱོད་རང་སྔར་བཞིན་མགོ་ནག་མགོ་ལོག་གི་ཡུལ་མཐོན་པོ་རྨ་རྒྱལ་སྟོང་གི་རྩེ་ན་
མི་བཞུགས་སམ
ལག་པད་དུད་སྤྲིན་གྱིས་ཟགས་པའི་རྣམ་ཤེས་གང་དེ
རྒྱང་རིང་རྒྱང་རིང་ཞིག་ལ་ཆས་པར་བརྩམས་ཀྱང
རྩིས་འཁོར་གྱི་མདུན་དུ་མི་སྡུག་པའི་ཚོགས་དེ
གནམ་ལྕགས་ཐོག་མདའ་བཞིན་ལྷུང་བས
རྣམ་ཤེས་ཁྲི་ཕྲག་ལ་བྱ་རྒོད་ཀྱི་གཤོག་པ་སྤྲས་མཁན
སངས་རྒྱས་སྟོང་གི་འཁོར་ཅན་ཁྱོད་ཀྱི
རྨི་ལམ་གྱི་ཕ་རོལ་ཏུ་རྒྱལ་ཁ་ཐང་ལ་ལྷུང་མ་མྱོང་བའི་དྲན་པ་དེའང
མནོལ་གྲིབ་ཀྱི་ཁུད་དུ་སུ་ཞིག་ལ་ཁོག་འདར་སློང་བའི་གྲང་ལྷགས་བཞིན
མགོ་ལོག་ལ་ཆས་པའི་ལམ་ཐག་རིང་མོར
ང་རང་ཁྱོད་ལ་བཅར་བའི་སྤོབས་པ་དེའང་ཆུང་ནས་ཆུང་དུ་ཕྱིན